Skip to main content

ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ཡོད་པའི་གནས་དགོན།

Page 1

Introduction of the Holy sites & Temples of Yalang Gewog, Tashi Yangtse District.

i བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ ཡོད་པའི་ གནས་དང་ལྷ་ཁང་ཚུ་གི་ངོ་སྤྲོད། ཞིབ་འཚོལ་དང་རྩོམ་བྲིསཿ བསྟན་འཛིན་ནོར་བུ།
རབ་གསལ་མེ་ལོང་། ❀❀❀
ii པར་ཐེངས་དང་པ། སྤྱི་ལོ་ ༢༠༢༡ ལུ། པར་དབང་© ཡ་ལང་རྒེད་འོག་བདག་སྐྱོང་ལུ་ཡོད། གྲོས་སྟོན་པ། ཆོས་སྲུང་དབང་འདུས། ཡ་ལང་རྒེད་འོག་གི་རྒཔོ། རྫོང་ཁག་ཚོགས་འདུའི་འཁྲི་འཛིན། བཀྲ་ཤིས་གཡང་རྩེ་རྫོང་ཁག། ཞིབ་འཚོལ་དང་རྩོམ་བྲིས། བསྟན་འཛིན་ནོར་བུ། མཐའ་དཔྱད་ཞུན་དག། སློབ་དཔོན་ཀུན་བཟང་ཕྲིནལས། ཀེ་ཨེམ་ཀྲི་ལས་སྡེ། བསོད་ནམས་བསྟན་འཛིན། ཀེ་ཨེམ་ཀྲི་ལས་སྡེ། བཟོ་བཀོད། བསོད་ནམས་བསྟན་འཛིན། ISBN 978-99980-970-0-1 BICMA No. 100000862
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །རྣམ་འཕྲུལ་ལྗོངས་འདིར་སྲིད་པ་ཉེར་བཟུང་ནས།། མངའ་འབངས་བུ་གཅིག་མ་བཞིན་བརྩེར་མཛད་པ། །མི་དབང་ཆོས་རྒྱལ་སྐུ་ཚེ་བརྟན་གྱུར་ཅིག།
ལྗོངས་འདིའི་མི་མང་བསོད་ནམས་ལས་གྲུབ་པའི། །པདྨའི་ལུང་གིས་རབ་བསྔགས་མི་ཡི་དབང་།། འཇིགས་མེད་སེངྒེ་དབང་ཕྱུག་མཚན་ཅན་མཆོག །སྐུ་ཚེ་ཡུན་བརྟན་མཛད་ཕྲིན་དཔལ་འབར་ཤོག།
དཔལ་ལྡན་འབྲུག་པའི་ཆོས་ཀྱི་རིང་ལུགས་ཆེ། །ཞིང་འདིར་ཡར་ཟླའི་མཆེད་པོར་སྤེལ་མཛད་པ།། ངག་དབང་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག །ཆོས་ཁྲིར་བརླིང་ཞིང་མཛད་བཟང་མཐར་རྒྱས་ཤོག།
ཆེད་བརྗོད། ༈ ད་ལན་ ངོམ་བསྟན་འཛིན་ནོར་བུ་གིས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་ འོག་མངའ་ཁོངས་ཀྱི་གཡུས་ཚན་ཁག་ཚུ་ནང་ཡོད་པའི་ གནས་རྩ་ཅན་དང་ ལྷ་ཁང་དགོན་ སྡེའི་ལོ་རྒྱུས་ཚུ་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ པར་རི་དང་བཅསཔ་སྦེ་ དཔེ་དེབ་པར་སྐྲུན་ འབད་མི་འདི་ལུ་ ང་ལས་ ཡིད་ཆེས་ངལ་རང་དང་བཅས་པའི་སྒོ་ལས་ བཀའ་དྲིན་ལེགས་སོའི་ གཟེངས་བསྟོད་ཡོད། དཔེ་དེབ་འདི་གིས་ རྒེད་འོག་འདི་ནང་ཡོད་པའི་ དམ་པའི་ཆོས་དང་འབྲེལ་བའི་ལོ་རྒྱུས་ཚུ་ ཁུངས་སྐྱེལ་ཚུགསཔ་མ་ཚད་ ལྷག་མི་ཚུ་གི་རྒྱུད་ལུ་ཡིད་ཆེས་དང་ དད་མོས་ལྷག་པར་འཕེལ་ ཏེ་ དགེ་བའི་བྱ་བ་ལུ་ཡང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ངམ་ངམ་ཤུགས་ཀྱིས་ཞུགས་ ཚུགས་ནིའི་ ཁེ་ཕན་སྦོམ་འདུག། མཇུག་ར་ དཔེ་དེབ་ལྷག་མི་ཡོངས་ཀྱི་རྒྱུད་ལུ་ ཤེས་ཡོན་གསརཔ་ཐོབ་སྟེ་ ཇི་སྲིད་བསྐལ་པ་ མ་སྟོང་གི་བར་དུ་ རྒྱལ་ཁབ་ཀྱི་ནང་རྟེན་དེ་ཚུ་ ཡར་བསྐྱེད་དང་ཉམས་བསྲུང་འབད་ཚུགས་ནི་དང་ གཅིག་ཁར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་གལ་ཆེ་བའི་ སྲོལ་ཁྱུན་བཟང་པོ་འདི་ལུ་ཞུགས་ ཏེ་ དམ་པའི་ཆོས་ཕྱོགས་ཀྱི་འགྲོ་དོན་རྒྱས་ནི་དང་ འབྲུག་མི་ཆ་མཉམ་ དགའ་སྐྱིད་དཔལ་ འཛོམས་ལུ་ ལོངས་སྤྱོད་ཚུགས་པའི་ སྨོན་འདེབས་ཞུ་ནི་ཨིན། ཤེས་རབ་རྒྱལ་མཚན། སྤྱི་ཚེས་ ༡༩།༣།༢༠༢༡ ལུ། ནང་སྲིད་དང་སྲོལ་འཛིན་བློན་པོ།
རབ་གསལ་མེ་ལོང་། ix སྔོན་བརྗོད། ༉ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་རབས་༧ པའི་ནང་ འཕགསཔ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ ཆོས་རྒྱལ་སྲོང་བཙན་ སྒམ་པོ་གིས་ སྤྲུལ་པ་བཀྱེས་ཏེ་ ཕྱག་མཆོད་ཕུལ་སའི་རྟེན་ ལྷ་ཁང་གཉིས་ བཞེངས་ཏེ་ དེ་ཁའི་མི་ཚུ་ལུ་ ཆོས་འགོ་དང་པ་ཐོས་ནིའི་ གོ་སྐབས་གནང་ ནུག། དེ་གི་ཤུལ་ལས་ དུས་རབས་ ༨ པའི་ནང་ སངས་རྒྱས་གཉིས་པ་ ཨོ་ རྒྱན་གུ་རུ་རིན་པོ་ཆེ་མཆོག་བྱོན་ཏེ་ འདྲེ་སྲིན་གདུག་པ་ཅན་ཚུ་བཏུལ་ རི་བྲག་ མཚོ་གསུམ་ག་ར་ ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་ཚུ་སྦ་སྟེ་ གསང་སྔགས་ རྡོ་རྗེ་ཐེག་པའི་ ཆོས་ཀྱི་ཞིང་ཁམས་ཅིག་ལུ་ བཟོ་གནང་ཡོདཔ་ཨིན། དུས་རབས་ ༡༧ པའི་ནང་ འཕགསཔ་སྤྱན་རས་གཟིགས་དང་། ཨོ་རྒྱན་གུ་རུ་ རིན་པོ་ཆེ་གཉིས་ཀྱི་རྣམ་སྤྲུལ་ དཔལ་འབྲུག་པ་རིན་པོ་ཆེ་མཆོག་བྱོན་ཏེ་ རང་ ལུགས་དཔལ་ལྡན་འབྲུག་པའི་ ཆོས་དང་ལམ་སྲོལ་ཚུ་ གཞི་བཙུགས་མཛད་ གནང་པ་གིས་མ་ཚད། རྫོང་གཞི་དང་ལྷ་ཁང་ཡང་ ལེ་ཤ་ཅིག་ ཕྱག་བཏབ་ གནང་ནུག། འདི་གི་ཤུལ་ལས་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ སྤྲུལ་པ་ ཚུ་བྱོན་ཏེ་ རྫོང་གཞི་དང་ལྷ་ཁང་དེ་ཚུ་ མི་ཉམས་གོང་འཕེལ་དང་། ཉམས་པ་
རབ་གསལ་མེ་ལོང་། x སོར་ཆུད་ཚུ་ མཛད་དང་མཛད་བཞིན་དུ་ཡོད་རུང་། མ་འོངས་པར་ རྒྱལ་ཁབ་ ཡར་རྒྱས་ཀྱི་འགྱུར་བ་དང་ མིའི་མནོ་རིག་ལུ་བརྟེན་ཏེ་ རྫོང་གཞི་དང་ལྷ་ཁང་། ལྷག་པར་དུ་ ད་ལྟོ་བཟུམ་མའི་ ཡོངས་གྲགས་མེད་པའི་ གནས་དགོན་ཚུ་ ལུ་ ཐོག་ཕོག་ནིའི་ཉེན་ཁ་སྦོམ་ཡོདཔ་ཨིན། དེ་འབད་ནི་འདི་གིས་ དེ་ཚུ་ མི་ ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་དོན་ལུ་ ད་ལྟོ་ལས་ ཞིབ་ འཚོལ་དང་ཐོ་བཀོད་འབད་དེ་ དར་ཁྱབ་གཏང་དགོཔ་དེ་ ཧ་ཅང་གི་གལ་ཆེ་མི་ ལུ་དམིགས་ཏེ་ ད་རེས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ གཡུས་ཚན་ཁག་ཚུ་ནང་ཡོད་པའི་ གནས་དང་ལྷ་ཁང་ཚུ་གི་སྐོར་ལས་ ད་ལྟོའི་ མི་ཐོག་གུ་གཞི་བཞག་སྟེ་ ལོ་རྒྱུས་ཅིག་ བསྟན་འཛིན་ནོར་བུ་ ང་གིས་ འགོ་ ཐོག་རྩོམ་བྲིས་འབད་ཡོད། མ་གཞི་ ལོ་རྒྱུས་ཚུ་ མ་འོངས་མི་རབས་རིམ་འབྱུང་ཚུ་ལུ་ ཕན་སྦོམ་ཐོགས་ ཚུགས་པའི་རེ་བ་བསྐྱེད་དེ་ རྩོམ་བྲིས་འབད་ཡོད་རུང་ ང་རང་ལུ་ ཐོས་རྒྱ་ ཆུང་བའི་སྟབས་ཀྱིས་ ནོར་བ་ལེ་ཤ་འབྱུང་སྲིད། དེ་འབདཝ་ལས་ དཔེ་དེབ་ གཟིགས་མི་ཡོངས་ཀྱིས་འཛོལ་བ་ཡོད་མི་ཚུ་ ཧིང་ཁར་སྦ་མ་བཞག་པར་ མ་འོངས་ལེགས་བཅོས་ཀྱི་དོན་ལུ་ རྒྱབ་སྐྱོར་གང་དྲག་མཛད་དེ་ བཀའ་དྲིན་ བསྐྱང་གནང་ ཟེར་གསོལ་འདེབས་ཞུ་ནི་ཨིན།
རབ་གསལ་མེ་ལོང་། xi བཀའ་དྲིན་དགའ་ཚོར། ༉ ད་རེས་ ཡ་ལང་རྒེད་འོག་གི་རྒཔོ་ ཆོས་སྲུང་དབང་འདུས་ཀྱིས་ ཞལ་ བཀོད་ལྟར་ བསྟན་འཛིན་ནོར་བུ་ ང་གིས་བྲིས་མི་ དཔེ་དེབ་ བཀྲ་ཤིས་ གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ཡོད་ པའི་ གནས་དང་ལྷ་ཁང་ཚུ་གི་ངོ་སྤྲོད་ཟེར་མི་འདི་ལུ་ ལྷག་བསམ་རྣམ་ དག་གི་སྒོ་ལས་ རྒྱབ་སྐྱོར་གང་དྲག་མཛད་གནང་མི་ མཁས་དབང་ཀུན་ བཟང་ཕྲིན་ལས་དང་། སློབ་བསོད་ནམས་བསྟན་འཛིན་རྣམ་གཉིས་ཀྱིས་ དབུ་གཙོས་ ཡུལ་ལྷ་སོ་སོའི་སྐྱེས་བཙན་གྱི་དཔེ་ཆ་གནང་མི་ཚུ་དང་། དེ་ལས་ གནས་དགོན་ཚུ་གི་སྐོར་ལས་ ལོ་རྒྱུས་གསུངས་གནང་མི་ག་ར་ ལུ་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀའ་དྲིན་དགའ་འཚོར་སྦོམ་ཡོདཔ་ མ་ཚད། ལྷག་པར་དུ་ མ་འོངས་པའི་ མི་རབས་རིམ་འབྱུང་ཚུ་གི་མཐའ་ དོན་ལུ་གཟིགས་ཏེ་ དཔེ་དེབ་པར་སྐྲུན་གྱི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ གནང་མི་ རྒེད་འོག་ བདག་སྐྱོང་ཡིག་ཚང་ལུ་ ཧ་ཅང་གི་བཀའ་དྲིན་ཆེ་ ཟེར་ཞུ་ནི་ཨིན་ལགས།
རབ་གསལ་མེ་ལོང་། xii སྤྱིར་བཏང་གི་ངོ་སྤྲོད། ༉ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་ བཀྲ་ཤིས་ གཡང་རྩེ་རྫོང་ཁག་འོག་ལུ་ རྒེད་འོག་བརྒྱད་ཡོད་མི་ཚུ་ཡང་། ཁམས་ དྭངས། འཇམ་མཁར། འབུམ་སྡེ་གླིང་། གཡང་རྩེ། སྟོང་མི་བྱང་ས། སྟོད་ ཚོ། རམ་སྦྱར། ཡ་ལང་རྒེད་འོག་ཚུ་ཨིན་པས། དེ་ཚུ་གི་འགྲལ་ལས་ ཡ་ལང་རྒེད་འོག་དེ་ ས་གནས་གཞུང་གི་ཡོངས་ འབྲེལ་འཆར་སྒོ་ནང་ལུ་ བཀོད་ཡོད་དོ་བཟུམ་འབད་བ་ཅིན་ རྒྱ་མཚོ་ཁ་ ལས་ཐོ་ཚད་མི་ཊར་ ༡༣༦༠-༢༡༩༠ གི་བར་ན་དང་། སའི་ཆ་ཚད་ ཀི་ ལོ་མི་ཊར་གྲུ་བཞི་མ་ ༩༠ དེ་ཅིག་ཡོདཔ་སྦེ་བཀོད་དེ་འདུག། རྒེད་འོག་དེ་ནང་ལྷོད་ནིའི་དོན་ལུ་ ས་གནས་མདོ་གསུམ་ལས་ཡར་ སྣུམ་ འཁོར་ནང་ དུས་ཡུན་ཆུ་ཚོད་ ༡ ལྷགཔ་ཅིག་འགྱོ་དགོ་དོ་ཡོདཔ་དང་། སྣུམ་འཁོར་ལམ་ ཀི་ལོ་མི་ཊར་ ༢༢ ལྷགཔ་ཅིག་འདུག།
རབ་གསལ་མེ་ལོང་། xiii ཡ་ལང་རྒེད་འོག་བདག་སྐྱོང་ལྟེ་བ། ༉ རྒེད་འོག་བདག་སྐྱོང་ལྟེ་བའི་ཡིག་ཚང་དེ་ ག་ནི་བ་ ཉམས་དགའ་ ཏོག་ཏོ་ཡོད་པའི་ས་གནས་ ཁྲག་སྒོམ་འབྲིང་རིམ་སློབ་གྲྭ་འོག་མའི་ཉེ་ འདབས་ལུ་ ཆགས་ཏེ་འདུག། ཡ་ལང་རྒེད་འོག་འདི་གི་འོག་ལུ་ གཡུས་ ཚན་༩ དང་། སྤྱི་འོག་༥ ཡོདཔ་ཨིན་པས། རྒེད་འོག་བདག་སྐྱོང་གི་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་ གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ རྒེད་འོག་འདི་གི་འོག་ལུ་ ཁྱིམ་གུང་པ་༤༥༣ དེ་ཅིག་དང་། མི་རློབས་གྲངས་༣.༤༦༣ ལྷགཔ་
རབ་གསལ་མེ་ལོང་། xiv ཅིག་ ཐོ་བཀོད་འབད་དེ་འདུག། རྒེད་འོག་འདི་གི་འོག་ལུ་ཡོད་པའི་ གཡུས་ཚན་ཁག་ཚུ་གི་ནང་ན་ སྐྱེས་མཆོག་དམ་པ་ མང་རབས་ཅིག་བྱོན་ ཏེ་ བྱིན་གྱིས་བརླབས་པའི་ གནས་དང་ལྷ་ཁང་ཚུ་གི་སྐོར་ པར་རི་དང་ བཅསཔ་ འོག་ལུ་བཀོད་དེ་ཡོད། རྒེད་འོག་དེ་ནང་གི་འགོ་ཁྲིདཔ་རིམ་བྱོན་ཚུ་གི་ངོ་སྤྲོད། རྒེད་འོག་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ འགོ་འཁྲིད་པའི་ཕྱག་ལཱ་གནང་མི་ རྒཔོ་རིམ་ཐེངས་༡༠ དེ་ཅིག་གུ་ ལྷོད་དེ་ཡོདཔ་ཨིན་པས། དེ་ཚུ་གི་མཚན་ ཐོ་ཚུ་ཡང་། ༡༽ རྒཔོ་བཀྲ་ཤིས་ཆོས་རྒྱལ། ༢༽ བ་ཁུ། ༣༽ ཆོས་ ནོར་བུ། ༤༽ བསོད་ནམས་འོད་ཟེར། ༥༽ ཚེ་རིང་རྡོ་རྗེ་རོ་ལམ་པ། ༦ རྡོ་རྗེ། ༧༽ ཚེ་རིང་རྡོ་རྗེ་ཡ་ལང་པ། ༨༽ ནོར་བུ་ཚེ་རིང་། ༩༽ ཚེ་ དབང་འགྲུབ་པ། ༡༠༽ ཆོས་སྲུང་དབང་འདུས་ཚུན་ཨིན་པས།
རབ་གསལ་མེ་ལོང་། 1 ༼དང་པ། སྡུག་སྟི་གཡུས་ཚན་ནང་ཡོད་པའི་༽ གནས་དགོན། ༡.༡ སྡུག་སྟི་གཡུས་ཚན་གྱི་སྐོར། རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༦ དེ་ཅིག་ རྐང་ཐང་སྦེ་འགྱོ་དགོ་ པའི་ས་གནས་ སྡུག་སྟི་གཡུས་ཚན་དེ་ ཡ་ལང་རྒེད་འོག་གི་འོག་ལུ་ གཡུས་ཚན་ ༩ དང་ སྤྱི་འོག་ ༥ ཡོད་པའི་གྲལ་ལས་ གཅིག་ཨིན་ པས། གཡུས་ཚན་དེ་ མཐའ་ཟུར་གྱི་ས་གནས་མོན་རྟ་དབང་ ༼ཨ་རུ་ནཱ་ ཅཱལ་པར་དཱེཤ༽ ཀྱི་ཉེ་འདབས་ལུ་ ཆགས་ཏེ་འདུག། སྡུག་སྟི་གཡུས་ཀྱི་མཐོང་སྣང་།
རབ་གསལ་མེ་ལོང་། 2 རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་ གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་ ༣༨ དེ་ཅིག་དང་། མི་རློབས་གྲངས་ ༢༦༣ དེ་ཅིག་ ཐོ་ བཀོད་འབད་དེ་འདུག། གཡུས་ཚན་འདི་ནང་གི་མི་སེར་ཚུ་ འཚོ་བ་གཙོ་བོ་ སོ་ནམ་དང་ སྒོ་ནོར་ ལུ་བརྟེན་ཏེ་སྡོདཔ་ཨིན་པས། གཡུས་ཚན་དེ་ནང་ གཞི་བརྟེན་གོང་འཕེལ་ གྱི་ཐད་ཁར་ གློག་མེ་དང་འགྲུལ་འཕྲིན་གྱི་ཞབས་ཏོག། དེ་ལས་མི་སྡེ་ སློབ་གྲྭ་གཅིག་འདུག། གཡུས་དེ་ནང་གི་མི་སེར་ཚུ་གིས་ ཁ་སྐད་ཡང་ ཚངས་ལྷའི་ཁ་དང་སྦྲ་མི་ཁ་ཟེར་ དབྱེ་བ་གཉིས་རྐྱབ་སྲོལ་འདུག། ༡.༢ སྡུག་སྟི་གཡུས་ཚན་གྱི་མིང་གནས་སྐོར། གཡུས་ཀྱི་མིང་ སྡུག་སྟི་ཟེར་སླབ་དགོ་པའི་ ར་ཁུངས་དེ། གཡུས་མི་ཚུ་ གིས་བཤད་མི་ ངག་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ དང་ཕུ་གཡུས་ཚན་ དེ་ནང་ལུ་ གཞི་བཅགས་སྡོད་མི་ མི་སེར་དེ་ཚུ་ ཟ་འཐུང་གི་ལོངས་སྤྱོད་ དང་། གྱོན་ཆས་ལ་སོགས་པ་ ག་ཅིའི་ཐད་ལས་འབད་རུང་ དཀའ་སྡུག་
རབ་གསལ་མེ་ལོང་། 3 ལེ་ཤ་མྱོང་སྟེ་ སྡོད་དགོཔ་འཐོན་ཡོདཔ་ལས་ གཡུས་ཀྱི་མིང་ལུ་ སྡུག་ སྟི་ཟེར་ སླབ་སྲོལ་དར་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ པར་སྐྲུན་འབད་ཡོད་མི་ རྗེ་ཡོནཏན་མཐའ་ཡས་དང་། རྗེ་ཀུན་དགའ་རྒྱ་མཚོ་གཉིས་ཀྱིས་མཛད་ པའི་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༡༣ པ་ཆོས་རྗེ་ཤེས་རབ་དབང་ཕྱུག་ ༼༡༦༩༧_༡༧༦༥༽ གི་དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་ མུ་ཏིག་དོ་ཤལ་ ཟེར་མིའི་ནང༌ལུ་འབད་བ་ཅིན་ ས་གནས་ཀྱི་མིང་ སྡུག་ སྟི་ཟེར་མེན་པར་ དྷཱུ་ཏི་ལྷ་ཁང་ ཟེར་ཐོ་བཀོད་འབད་དེ་འདུག། དེ་མ་ཚད་ ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར། ཡུལ་ལྷོ་རྒྱུད་དུ་ བྱུང་བའི་ རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་ ལེགས་བྱས་ཡོངས་འདུའི་སྙེ་མའི་ནང་། མོན་ཀླ་ཀློ་འགྲོ་འོང་བྱེད་པའི་ས་ དྷུ་ཐི་ཞེས་པའི་གྲོང་ཁྱེར་ནས་སྦྲང་ཚང་སུམ་ཅུ་སྐོར་གྱི་རིན་ལ། སྐུ་གསུང་ ཐུགས་རྟེན་དང་། ལྷ་འདྲེ་གདུགས་པ་ཅན་ལ་ བཀའ་ཤོག་དགོས་ཟེར་བ་ ལྟར། དེ་བཞིན་བྱས་ ཟེར་བཀོད་དེ་འདུག།
རབ་གསལ་མེ་ལོང་། 4 དྷཱུ་ཏིའམ་དྷུ་ཐི་ ཟེར་མི་ཚིག་གི་གོ་དོན་དེ་ ལེགས་སྦྱར་གྱི་སྐད་ལས་ གཙོ་བོའམ་དབུས། ལྟེ་བའམ་གཞུང་ཚུ་ལུ་ འཇུགཔ་ཨིན་པས། ད་རེས་ ནངས་པ་ གཡུས་ཀྱི་མིང་སྡེབ་དེ་ སྡུག་སྟི་ཟེར་ འབྲི་སྲོལ་དར་ཁྱབ་སོང་ ཡོདཔ་མ་ཚད། སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་ དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ སྡུག་སྟི་ཟེར་ ཐོ་བཀོད་འབད་དེ་འདུག། ༡.༣ སྡུག་སྟི་པདྨ་ཆོས་གླིང་ལྷ་ཁང་གི་ཆགས་རབས་ལོ་རྒྱུས། མི་སེར་ཚུ་གིས་བཤད་མི་ ངག་རྒྱུན་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ གཡུས་ ཚན་དེ་ནང་ ཧེ་མ་པད་གླིང་གི་ཆོས་བརྒྱུད་འཛིན་མི་ཅིག་གིས་ ལྷ་ཁང་ཆུང་ ཀུ་ཅིག་བཞེངས་ཡོད་པའི་ ལོ་རྒྱུས་འདུག། ཨིན་རུང་ ལྷ་ཁང་དེ་ ཉམས་ཆག་ཤོར་ཡོདཔ་ལས་ ཤུལ་ལས་དུས་ རབས་ ༡༩ པའི་ནང་ ཚོང་ཚོང་སློབ་དཔོན་སྐུ་ཕྲེང་དང་པ་མི་འགྱུར་རྡོ་རྗེ་
རབ་གསལ་མེ་ལོང་། 5 གིས་ རྒྱ་སྐྱེད་འབད་དེ་ ཉམས་གསོ་ཞུ་གནང་ཞིནམ་ལས་ཚུར་ སྡུག་ སྟིའི་གཡུས་ཚན་དེ་ འཚོ་བ་ལུ་ དུམ་གྲ་ཅིག་ཡར་དྲག་སོང་ཡོད་ནི་འདི་ གིས་ ད་རེས་ནངས་པ་ མི་སེར་ཚུ་གིས་ ཚོང་ཚོང་སློབ་དཔོན་སྐུ་ཕྲེང་རིམ་ བྱོན་ཚུ་ལུ་ བཀའ་དྲིན་དགའ་ཚོར་ བསམ་བཞིན་དུ་འདུག། ད་རེས་ མཇལ་སར་ཡོད་མི་ ཐོག་ཚད་གཅིག་འབད་མི་ དམངས་ཀྱི་ལྷ་ ཁང་པདྨ་ཆོས་གླིང་དེ་ དུས་རབས་ ༡༩ པའི་ནང་ ཚོང་ཚོང་སློབ་དཔོན་ མཆོག་གིས་ བཞེངས་གནང་མི་དེ་ ཨིནམ་སྦེ་བཤདཔ་ཨིན། སྡུག་སྟི་པདྨ་ཆོས་གླིང་ལྷ་ཁང་།
རབ་གསལ་མེ་ལོང་། 6 ༡.༤ རྟེན་གསུམ་གྱི་སྐོར། ད་རེས་ ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ རྒྱུ་སྨན་འདམ་ལས་སྒྲུབ་པའི་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་ ཆོས་སྲུང་དཔལ་ཡེ་ཤེས་ མགོན་པོའི་སྐུ་འདྲ། དེ་ལས་གཏེར་གསར་ལྷ་ཚོགས་ཚུ་གི་ལྡེབས་རིས་ དང་། རྒྱ་ཤོག་གི་བཀའ་འགྱུར་ཆ་ཚང་གཅིག། དེ་ལས་འབྲུག་ཤོག་གི་ འབུམ་ཆ་ཚང་གཅིག་བཞུགས་ཏེ་འདུག། ༡.༥ དུས་མཆོད་འབུམ་སྡེའི་སྐོར། ལྷ་ཁང་དེ་ནང་ ད་རེས་ནངས་པ་ གཡུས་ཁའི་མི་ཚུ་གིས་ སྤྱིར་སངས་ རྒྱས་ཀྱི་བསྟན་པ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ ནི་ལུ་ ལོ་ཨ་རྟག་ར་ རང་ཟླ་བཞི་པའི་ནང་ གཏོར་མ་འབུམ་དང་། རང་ ཟླ་ལྔ་པའི་ནང་ གཏེར་འཆམ། མེ་ལྷ་གཏོར་ཟློག། རང་ཟླ་བརྒྱད་པའི་ ནང་ ཉིན་གྲངས་གསུམ་གྱི་རིང་ ཆོས་སྐོར་དང་། རང་ཟླ་དགུ་པའི་ནང་ ལྷ་བབས་དུས་ཆེན་གྱི་ཚེས་བཅུ། དེ་ལས་རང་ཟླ་བཅུ་གཉིས་པའི་ནང་ སྨྱུང་གནས་དཀརཔོ་ཆ་གཉིས་ བརྩི་སྲུང་ཞུ་སྲོལ་འདུག། དེ་མ་ཚད་ ཟླ་ རིམ་བཞིན་དུ་ ལུས་ངག་ཡིད་གསུམ་གྱི་ལས་སྒྲིབ་ཚུ་ དག་ནིའི་དོན་ལུ་
རབ་གསལ་མེ་ལོང་། 7 སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུ་ ཚོགས་མཆོད་ཚུ་ཕུལ་ ཏེ་ ཆོས་ཕྱོགས་ཀྱི་མཛད་རིམ་ཚུ་ འབད་དང་འབད་བཞིན་པ་འདུག། ༡.༦ ལྷ་ཁང་གི་བདག་དབང་། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་ སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ སྡུག་སྟི་གཡུས་ཚན་ནང་ཡོད་པའི་ པདྨ་ཆོས་གླིང་ལྷ་ཁང་དེ་གི་ བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་ འབད་ ཐོ་བཀོད་འབད་དེ་འདུག་གོ། ༡.༧ སྡུག་སྟི་གཡུས་ཚན་ནང་ཡོད་པའི་ ཚོང་ཚོང་མའི་གནས་ཀྱི་འགྲོ་ལམ། ས་གནས་སྡུག་སྟི་གཡུས་ཚན་ནང་ལས་ ཁ་འགྱེན་འཛེགས་ཏེ་ ཉིན་ལམ་ གསུམ་དེ་ཅིག་ རྐང་ཐང་འབད་འགྱོ་དགོ་པའི་ས་གནས་ ཚོང་ཚོང་མའི་ གནས་དེ་ འབྲུག་ཤར་ཕྱོགས་བཀྲ་ཤིས་གཡང་རྩེ་དང་བཀྲ་ཤིས་སྒང་། དེ་ལས་མོན་རྟ་དབང་ ༼ཨ་རུ་ནཱ་ཅཱལ་པར་དེཤ༽ གསུམ་གྱི་སྦུག་ལུ་ ཆགས་ཏེ་འདུག། མི་གི་ངག་རྒྱུན་ལས། གནས་དེ་ལུ་ མིང་གཞན་ ཟུར་
རབ་གསལ་མེ་ལོང་། 8 གསུམ་ཆུ་བཞི་ཟེར་ཡང་ སླབ་སྲོལ་འདུག། ཟུར་གསུམ་ཆུ་བཞི་ཟེར་ སླབ་དགོ་མི་དེ་ རི་འདིའི་བཀོད་པ་ ཟུར་གསུམ་སྦེ་ཡོད་ནི་འདི་གིས་དང་། རི་དེ་གི་རྩ་བ་ལས་མར་ ཆུ་བཞི་འབབ་ནི་འདི་གིས་ཨིན་པས། རི་དེའི་ བཀོད་པ་ ཟུར་གསུམ་གྱི་ནང་ལས་ ཟུར་གཅིག་ བཀྲ་ཤིས་གཡང་རྩེ་ཁ་ ཐུག་དང་། ཟུར་གཅིག་མོན་རྟ་དབང་ ༼ཨ་རུ་ནཱ་ཅཱལ་པར་དེཤ༽ ཁ་ཐུག །དེ་ལས་ཟུར་གཅིག་ བཀྲ་ཤིས་སྒང་ཁ་ཐུག་ལུ་ཡོདཔ་སྦེ་བཤད་ནི་འདུག། དེ་ལས་རི་འདིའི་འོག་ལས་མར་འབབ་མི་ ཆུ་བཞིཔོ་དེ། གཅིག་མོན་རྟ་ དབང་ ༼ཨ་རུ་ནཱ་ཅཱལ་པར་དེཤ༽ གྱི་ས་གནས་མཁར་རུང་དང་ སྦོམ་ ཚོང་ཚོང་མའི་གནས་ཀྱི་མཐོང་སྣང་།
རབ་གསལ་མེ་ལོང་། 9 བྱག་གཉིས་ཀྱི་སྦུག་ནང་ལས་མར་དང་། གཅིག་སྦོམ་བྱག་དང་ཁད་ཀྱི་ སྦུག་ནང་ལས་མར། དེ་བཟུམ་སྦེ་ གཅིག་སྡུག་སྟི་དང་མེ་ལོང་མཁར་ གཡུས་ཚན་གཉིས་ཀྱི་སྦུག་ནང་ལས་མར་དང་། གཅིག་ མཐོང་རོང་ལུང་ གཤོང་ལས་མར་བབ་ཨིན་ཟེར་ བཤདཔ་ཨིན་པས། ༡.༨ གནས་ཀྱི་རིམ་པ། རི་འདིའི་འོག་ལས་མར་ཡོད་པའི་ གནས་ཀྱི་རིམ་པ་ཚུ་ཡང་ སྤྱི་ལོ་ ༢༠༡༨ ལུ་ སྲོལ་འཛིན་ལས་ཁུངས་ཀྱི་རྩོམ་སྒྲིག་འབད་ཡོད་མི་ གནས་ ཡིག་ཀུན་ཕན་ལམ་སྟོན། གླེགས་བམ་ ༡༣ པའི་ནང་ ཚོང་ཚོང་རིན་པོ་ ཆེ་སྐུ་ཕྲེང་དང་པ་ སྒྲུབ་པ་གནང་སྟེ་བཞུགས་ས་ཨིན་ཟེར་བའི་ རྡོ་ཕུ་སྦོམ་ ཅིག་ཡོད་མི་དེ་ལས་འགོ་བཙུགས་ རིམ་པ་བཞིན་དུ་ བདེ་མཆོག་ཕོ་བྲང་། གུ་རུ་རིན་པོ་ཆེ་གིས་ བདུད་དམ་ལུ་བཏགས་ས། དེ་ལས་མཁའ་འགྲོ་མ་ ཚུ་གིས་ གླུ་གར་གྱི་མཆོད་པ་ཕུལ་ས་དང། ད་རུང་ སྒྲུབ་ཕུག་གི་ལྟག་ལས་ཡར་ཐད་ཕྲང་སྟེ་ བྱག་གི་ལོགས་ལུ་ བྱ་ ཁྱུང་ཕོ་མོ་གཉིས། གྲུབ་ཕུག་གི་ཟུར་ཁར་ གྲུབ་ཆུ་ཚུ་ཡོདཔ་སྦེ་ བཀོད་
རབ་གསལ་མེ་ལོང་། 10 དེ་ཡོདཔ་མ་ཚད། ད་རུང་ གྲུབ་ཆུ་དེ་ཁ་ལས་ ཁ་ཡར་འཛེགས་ཏེ་སྐར་མ་ ༣༠ དེ་ཅིག་འགྱོཝ་ད་ ཚོང་ཚོང་མ་དང་དམ་ཅན་གྱི་ཕོ་བྲང་ཚུ་ཡང་ མཇལ་ ནི་ཡོད་ ཟེར་བཀོད་དེ་འདུག། ད་རུང་ དེ་ཁ་ལས་ཡར་ ཁ་གྱེན་གཟར་དྲགས་གུ་འཛེགས་ཏེ་ དུས་ཡུན་ སྐར་མ་ ༣༠ དེ་ཅིག་གི་རྩིས་འགྱོཝ་ད་ དགེ་སློང་གྲྭ་ཚང་ ཟེར་མི་བྱག་ གི་ཐོག་ཁར་ལྷོདཔ་མ་ཚད། བྱག་དེའི་རྒྱབ་ཁར་སྒྲིབ་པ་བཤུད་ས་དང་པ་ དང་གཉིས་པ། དེ་ལས་ཨོ་རྒྱན་པད་ཞྭ་དང་། གསེར་གྱི་རྒྱ་གླིང་ཚུ་མཇལ་ ནི་ཡོད་ ཟེར་བཀོད་དེ་འདུག། ད་རུང་ དེ་ཁ་ལས་ ཁ་མར་བལྟ་སྟེ་འོངམ་ ད་ ཕ་དམ་པ་སངས་རྒྱས་ཀྱི་བཞུགས་ཁྲི་དང་། དེ་ཁ་ལས་ཕར་ ལོག་ ཏེ་མཇལཝ་ད་གཡས་ཧོངས་ལུ་ དགེ་སློང་ཚུ་བཞུགས་ས་ཨིན་ཟེར་བའི་ གྲྭ་ཚང་གི་ཚུལ་སྦེ་བྱག་དང་། གཡོན་ཧོངས་ལུ་ བྱ་རྒོད་ཉིམ་བསྲོ་ས། ད་རུང་ དེའི་འོག་ལུ་ ཆོས་བཀའ་འགྱུར་དང་བསྟན་འགྱུར་གཏེར་ལུ་ སྦ་ བཞག་ཞགཔ་ཨིན་ ཟེར་བའི་བྱག་དང་། དམ་ཅན་གྱི་ཕོ་བྲང་ཚུ་ མཇལ་ནི་ ཡོད་ ཟེར་བཀོད་ནུག།
རབ་གསལ་མེ་ལོང་། 11 ད་རུང་ དེ་ཁ་ལས་ཡར་ དུས་ཡུན་སྐར་མ་༣༠ དེ་ཅིག་འགྱོཝ་ད་ ཤར་ ལྷོ་ནུབ་བྱང་ག་ར་མཐོང་ཚུགས་པའི་ རིའི་སྤྱི་ཏོག་གུ་ མི་ལྔ་བཅུ་ལྷགཔ་ ཅིག་ཤོང་པའི་ ས་གོ་ཅིག་ནང་ལུ་ལྷོདཔ་མ་ཚད། རི་རྩེ་ལས་གཡས་སྐོར་ རྐྱབ་སྟེ་ མར་ལོགཔ་ད་ སྐུ་ཞོགས་ཚོང་ཚོང་མའི་ དམག་དཔོན་ལྐུགས་ པ་གུ་རུའི་ཕོ་བྲང་དང་། ཚོང་ཚོང་མའི་མདུན་ཅོག །དེ་ལས་ཚོང་ཚོང་མའི་ དམག་དཔོན་གྱི་རྒྱབ་ཕྱོགས་ལུ་ བྱ་རྒོད་ཉིམ་བསྲོ་ས་ཟེར་མི་ཚུ་ མཇལ་ ནི་ཡོདཔ་འབད་ཨིན་པས། ད་རུང་ དེ་ཁ་ལས་ ཡུདཔ་ཐེངས་ཅིག་མར་འབབ་འོངམ་ད་ ཚོང་ཚོང་རིན་ པོ་ཆེ་གིས་ བྱག་གུ་དོང་བརྐོ་སྟེ་ དོན་ཁྲི་བཟོ་ནི་འབདཝ་ད་བྱག་ནང་ལས་ བྱག་དེ་མ་དཀྲོགས་ཟེར་ གསུང་བྱོན་བྱོནམ་ཨིན་ཟེར་མི་ རྡོ་བརྐོ་འཕྲོ་དེ་ མཇལ་ནི་ཡོད་ ཟེར་བཀོད་དེ་འདུག། ད་རུང་ ལམ་ཕྱོགས་གཅིག་ལས་ དམག་དཔོན་ ལྐུགས་པ་གུ་རུ་ཟེར་བའི་ རི་འདི་བསྐོར་ར་རྐྱབ་སྟེ་ ཁ་ མར་འབབ་འོངམ་ད་བྱག་གི་ལོགས་ གནམ་སྤང་བཟུམ་ཅིག་ཡོད་མི་གུ་ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཚུ་མཇལ་ནི་ཡོད་སར་ལྷོདཔ་ ཨིན་ ཟེར་བཀོད་དེ་འདུག། ད་རུང་ དེ་ཁ་ལས་མར་ དུམ་གྲ་ཅིག་བབས་
རབ་གསལ་མེ་ལོང་། 12 འོང་པའི་སྐབས་ ཆབ་གསང་རྒྱས་བསྡུས་གཉིས་ཆ་ར་གཏང་མ་ཆོག་པའི་ བཀའ་བསྒོ་དམ་བཞག་གནང་གནངམ་ སྒོ་སྲུངཔ་ཕགཔ་དང་རོ་ཁྱི་ཚུ་ ཡོདཔ་མ་ཚད་ རྡོ་རང་བྱུང་གི་དམར་གཏོར་ཨིན་ཟེར་བའི་ མཆོད་རྟེན་གྱི་ རྩིག་ཤུལ་ཅིག་ཡང་ མཇལ་ནི་ཡོདཔ་སྦེ་ཨིན་པས། ད་རུང་ གཡས་ཁ་ཐུག་ལས་སྐོར་ར་རྐྱབ་སྟེ་འོངམ་ད་ མཆོད་རྟེན་གྱི་ རྩིག་ཤུལ་ཡོད་པའི་བྱག་གི་འོག་ལུ་ ཧེ་མ་སྡུག་སྟིའི་གཡུས་ཚན་གྱི་སྦོ་ ལོགས་ཁར་ཡོད་པའི་ སྦོང་གླིང་པ་གཏེར་སྟོན་ཅིག་གིས་ རྫས་གཏེར་ བཞེས་བཞེསཔ་ཨིན་ཟེར་བའི་ ཤུལ་ཅིག་དང་། དེ་གི་ལྟག་ལུ་ མི་བཞི་དེ་ ཅིག་ཤོང་པའི་ བྱག་ཕུག་ཅིག་ཡོད་མི་དེ་ལས་ ཐད་ཕྲང་སྟེ་ དུས་ཡུན་སྐར་ མ་༡༥ དེ་ཅིག་གི་ས་ཁར་འགྱོཝ་ད་ ལོག་སྟེ་ར་སྒྲུབ་ཁང་ཡོད་ས་ལུ་ལྷོད་ ཨིན་ ཟེར་བཤད་ནི་འདུག། གོང་གི་ ཚོང་ཚོང་མའི་གནས་ཀྱི་སྐོར་ལས་ མཚམས་པ་ཀརྨ་གིས་བཤད་ མི་ ངག་རྒྱུན་ལོ་རྒྱུས་གུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ ལས་ཁུངས་འོག་གི་ ལམ་སྲོལ་རྒྱུ་དངོས་སྡེ་ཚན་གྱིས་ རྩོམ་སྒྲིག་འབད་
རབ་གསལ་མེ་ལོང་། 13 ཡོད་མི་ གནས་ཡིག་ཀུན་ཕན་ལམ་སྟོན། གླེགས་བམ་༡༣ པའི་ནང་ ལས་ བཏོན་ཏེ་ཡོད།། ༡.༩ རྡོ་རང་བྱུང་གི་མཆོད་པའི་ཏིང་དང་ ལོ་རྒྱུས་གཞན། རྒཔོ་ཆོས་སྲུང་དབང་འདུས་ཀྱི་ ངག་རྒྱུན་བཤད་པའི་ནང་གསལ་ སྡུག་ སྟི་གཡུས་ཚན་དང་ ཚོང་ཚོང་མ་གཉིས་ཀྱི་བར་ན་ ནགས་ཚལ་གྱི་སྦུག་ ལུ་ རྡོ་རང་བྱུང་གི་མཆོད་པའི་ཏིང་བདུན་ཚར་གཅིག་ ཡ་མཚན་ཆེ་ཏོག་ཏོ་ སྦེ་ཡོད་ལུགས་ཀྱི་ལོ་རྒྱུས་བཤདཔ་ཨིན་པས། སྡུག་སྟི་གཡུས་ཚན་གྱི་མཇུག་ལུ་ མོན་རྟ་ཝང་གི་མངའ་འོངས་ཨིན་པའི་ འཕགས་པ་སྒོམ་ཤིང་གི་གནས་ཀྱི་གདོང་ཁར་ མཁའ་འགྲོ་ཡེ་ཤེས་ མཚོ་རྒྱལ་དང་ ལྷ་ལྕམ་མནྡ་ར་བ་གཉིས་ཀྱིས་ གུ་རུ་རིན་པོ་ཆེ་ལུ་མཆོད་ པ་ཕུལ་བའི་བྲག་ཕུག་ ཡ་མཚན་ཆེ་ཏོག་ཏོ་ཅིག་མཇལ་ནི་ཡོད་ཟེར་ཨིན་ པས། དེ་ཡང་ གནས་ཡིག་ནང་ ཆུ་ཡི་ཕ་རོལ་བྲག་ལོགས་སུ༔ མཁའ་འགྲོ་ ཡེ་ཤེས་མཚོ་རྒྱལ་དང་༔ ལྷ་ལྕམ་མནྡ་ར་བ་གཉིས༔ སློབ་དཔོན་ཆེན་པོ་
རབ་གསལ་མེ་ལོང་། 14 པདྨ་ལ༔ མཆོད་པ་ཕུལ་ཚུལ་གསལ་བར་ཡོད༔ ཟེར་བཀོད་དེ་ཡོད་མི་ ཨིན་པའི་ཚོད་འདུག། འདི་གི་ཉེ་འདབས་ལུ་ བདུད་ཀྱིས་ཆུ་ཕག་ལུ་སྤྲུལ་ཏེ་ གནོདཔ་བཀལ་ བར་འོངམ་ད་ གུ་རུ་རིན་པོ་ཆེ་གིས་དམ་ལུ་བཏགས་ཏེ་རྡོ་ལུ་བྱིན་གྱིས་ བརླབས་བཞག་མི་འདི་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོད་པའི་ཁར་ འདི་གི་ཉེ་འདབས་ལུ་ རྡོའི་ནོར་བུ་བསི་ལི་དང་ གུ་རུ་རིན་པོ་ཆེའི་སྒྲུབ་ ཕུག་ རྡོའི་རུས་སྦལ་ རོ་དངོས་གྲུབ་ཅན་ ཡི་དམ་རྟ་མགྲིན་གྱི་ཞལ་སྤྱན་ དང་བཅས་པ། དེ་ལས་ གཙང་ཆུ་དང་རོང་ཆུ་འཛོམས་སར་ རྡོ་ཕུ་ཅིག་གུ་ གུ་རུ་རྡོ་རྗེ་གྲོ་བོ་ལོད་ཀྱི་ཆིབས་སྟག་གི་རྐང་རྗེས་ཨིན་ཟེར་མི་འདི་འདུག། རྡོའི་ཆུ་ཕག།
རབ་གསལ་མེ་ལོང་། 15 རྡོའི་ནོར་བུ་བསི་ལི། རྡོའི་རུས་སྦལ། ཡི་དམ་རྟ་མགྲིན་གྱི་ཞལ།
རབ་གསལ་མེ་ལོང་། 16 རོ་དངོས་གྲུབ་ཅན། གུ་རུ་རིན་པོ་ཆེའི་སྒྲུབ་ཕུག།
རབ་གསལ་མེ་ལོང་། 17 ཟུར་སྦྲགས། ༄༅། །སྡུག་སྟི་གཡུས་ཚན་གྱི་སྐྱེ་ལྷ་རུང་རུང་གི་གསོལ་ཁ་བཞུགས། ཧཱུྃ༑ ཕྱོགས་ཕྱོགས་འདི་ནས་ཕ་ཀི་ན། །འདི་ཡང་མ་བཅོས་ལྷུན་གྱིས་གྲུབ་ པའི་རི། །རྩེ་ལ་རྒོད་པོ་ལྡིང་བའི་རི། །རྩ་བར་གཙང་ཆབ་འཁྱིལ་བའི་རི།། ཟུར་ན་མུ་ཏིག་བརྒྱན་པའི་རི། །ལོགས་ལ་ཤ་གཙང་ཁྲིད་པའི་རི། །རུང་ རུང་ལ་སོགས་ཚ་རི་སྟེང་། །དེ་ན་རྒྱལ་ཁར་གྲུ་བཞི་ལམས་སེ་ལམ། །རྨང་ གཞི་ནག་པོ་ལྕགས་ལས་བྱས། །དེ་ལ་གཉན་ཏེ་བྱི་མི་འཛུལ། །ལོགས་ བཞི་སེར་པོ་གསེར་ལས་བྱས། །དེ་ལ་གཉན་ཏེ་རྡུལ་མི་འགོ །ཟུར་བཞི་ སྔོན་པོ་གཡུ་ལས་བྱས། །དེ་ལ་གཉན་ཏེ་སྦྲུལ་མི་འཁྲིལ། །དེ་ལ་གཉན་ ཏེ་ཐོགས་མི་འབེབས། །སྐར་ཁུངས་ཉི་ཟླའི་ཤེལ་ལས་བྱས། །དེ་ལ་གཉན་ ཏེ་ཉི་མི་འཆར། །སྒོ་མོ་ཡ་ཐེམ་གསེར་ལ་མ་ཐེམ་གཡུ། །རེ་ཞིག་གཡས་ གཡོན་ཟང་ལས་བྱས། །གསེར་གྱི་སྒོ་མོ་ཁྲིགས་སི་ཁྲིག །དུང་གི་བ་དན་ ན་ར་ར། །ཤེལ་གྱི་གཉའ་ཤིང་ཁྲོ་ལོ་ལོ། །ཟེའུ་སྡེ་མིག་སི་ལི་ལི། །སྒོ་སྟོད་ ཨ་ལོང་མཚར་དགུ་བརྒྱན། །སྒོ་མོ་ཕྱེ་བའི་ནང་ཤེད་ན། །གཡས་ན་སྟག་ ལྕམ་ང་ར་ར། །གཡོན་ན་གཟིག་ལྕམ་ངུ་རུ་རུ། །དེ་འདྲའི་སྒོ་སྲུང་ཡ་མཚན་
རབ་གསལ་མེ་ལོང་། 18 ཆེ། །སྒོ་མོ་ཕྱེ་བའི་ནང་ཤེད་ན། །གསེར་དཀར་གཅིག་དང་གཡུ་དཀར་ གཅིག །དཀར་གཉིས་བརྩེགས་པའི་སྟེང་ཤེད་ན། །དེ་རྩེ་གཅིག་ལ་དཀོར་ མཛོད་གསུམ། །ཁྱེད་ཀྱི་དཀོར་མཛོད་གོང་མ་ན། །གསེར་ཕྱེ་གཡུ་ཕྱེ་ཉིལ་ མ་ཉིལ། །གསེར་སྣོད་གཡུ་སྣོད་རིལ་མ་རིལ། །དར་དང་ཟ་འོག་སྦོམས་ སུ་བརྩེགས། །དེ་འདྲའི་དཀོར་མཛོད་ཡ་མཚན་ཆེ། །ཁྱེད་ཀྱི་དཀོར་མཛོད་ བར་མ་ན། །དབང་ཐང་ཟས་ཀྱི་དཀོར་མཛོད་ན། །ཤ་ཟ་བསུར་དུད་ཐུ་ལུ་ ལུ། །བྱ་ཐུང་དག་དད་ཆི་ལི་ལི། །དེ་འདྲའི་དཀོར་མཛོད་ཡ་མཚན་ཆེ།། གསེར་ཁྲི་གཅིག་དང་གཡུ་ཁྲི་གཅིག །གསེར་ཁྲི་སེར་པོའི་ཁྲི་སྟེངས་སུ།། ཡབ་ཅིག་མཆོད་ཁང་དེ་ནང་བཞུགས། །ཨ་ཇོ་ཆེན་པོ་དེ་ན་བཞུགས།། གཡུ་ཁྲི་སྔོན་པོའི་ཁྲི་སྟེང་ན། །ཡུམ་ཅིག་གསེར་གྱི་ལྷ་མོ་དེ་ན་བཞུགས།། ཨ་མ་ཆེན་པོ་དེ་ན་བཞུགས། །དེ་འདྲའི་ཡབ་ཡུམ་ཁྱད་དུ་འཕགས།། ཁྱོད་ཀྱི་ར་བའི་དཀོར་མཛོད་ན། །ཀི་ལིང་རྟའི་དཀོར་མཛོད་ཡོད། །ཆ་ ལུགས་ཆུ་སྟག་འཁྲུགས་སུ་བཅུག །རྨུད་གྲུ་གར་ན་རོལ་དུ་ཁྲིད། །སྔོན་ མོ་ཕྱག་སང་ཟུར་ལ་ཁྲིད། །ཆིབས་སུ་བྲང་ནག་རྟིང་དཀར་ཆིབས། །འབྱུང་ བ་ཆུ་ཡི་དཀོར་མཛོད་ཡོད། །གངས་ཆུ་ཤེལ་ཆུ་ཁྲོ་ལོ་ལོ། །གཡུ་ཆུ་དངུལ་
རབ་གསལ་མེ་ལོང་། 19 ཆུ་ཉི་ལི་ལི། །གཡུ་འབྲུག་སྔོན་མོ་དི་རི་རི། །གསེར་རི་ཀ་བ་རོངས་སེ་རོང་།། གཡུ་ཡི་ཕྲ་ཐབ་རྒྱངས་སེ་རྒྱང་། །དུང་གི་ཆུ་བུར་ཐངས་སེ་ཐང་། །གཡོག་ མོ་རྒྱུ་གིས་ཙ་རེ་རེ། །ཞོ་ཆེན་གཡག་བོ་ང་ར་ར། །ས་ཡི་འབྲི་མོ་ངུ་རུ་རུ།། དེ་ལྟ་བུའི་ནང་ཤེད་ན། །སྐྱེས་བུ་ཆེན་པོ་དེ་ན་བཞུགས། །ཇོ་བོ་ཆེན་པོ་དེ་ན་ བཞུགས། །སྐུ་ལ་གོས་དཀར་མཛེས་པ་གསོལ། །དབུ་ལ་མོ་འགྱིང་ཟངས་ ཐོར་ཅིག །སྟག་གདོང་གཡས་ལ་གཟིག་ཤུབ་གཡོན། །མཛེས་པ་བསེ་ལ་ ལོགས་ལ་རྟགས། །ཛ་རི་ཕུབ་ཆུང་རྒྱབ་ཏུ་འཁུར། །གཡས་ཀྱི་ཕྱག་ན་རུ་ འདྲེན་པ། །སྐྱེས་པའི་རྒྱབ་ཀྱི་སྲོག་སྐྱེད་ཅིག །གཡོན་གྱི་ཕྱག་ན་རུ་འདྲེན་ པ། །ཟ་མ་མོའི་དཔལ་བསྐྱེད་ཅིག །མདུན་གྱི་ཕྱག་ན་རུ་འདྲེན་པ། །བྱིས་ པ་ཆུང་གི་དཔལ་བསྐྱེད་ཅིག །སྐྱེས་བུ་ཆེན་པོ་ཇོ་བོ་རུང་རུང་ལ། །འདི་ཡི་ དཔལ་ཡོན་མ་ལུས་ཐམས་ཅད་ན། །བདག་ཅན་རྣལ་འབྱོར་སྦྱིན་བདག་ འཁོར་བཅས་ཀྱི། །གུས་པའི་ཚུལ་གྱིས་མཆོད་པ་འབུལ། །ཕྱི་མཆོད་རིན་ ཆེན་སྣ་ལྔ་འབུལ། །ནང་མཆོད་རྣམ་ལྔ་མཆོད་པ་འབུལ། །གསང་མཆོད་ ཡིད་འོང་རྣམ་ལྔ་འབུལ། །བྷ་ལིང་གཏོར་མོའི་མཆོད་པ་འབུལ། །སྨན་རཀ་ བདུད་རྩིའི་མཆོད་པ་འབུལ། །དཀར་གསུམ་མངར་གྱི་མཆོད་པ་འབུལ།།
རབ་གསལ་མེ་ལོང་། 20 དར་མཚོན་སྣ་ལྔའི་མཆོད་པ་འབུལ། །རྣལ་འབྱོར་བདག་གི་རྒྱབ་རྟེན་ མཛོད། །སྦྱིན་བདག་བར་ཆད་སེལ་བར་མཛོད། །ཁྱེད་ལ་སྔ་མ་ལེགས་ པའི་གཏང་རག་འབུལ། །ཕྱི་མ་ལེགས་པའི་ཞུ་བ་འབུལ། །སྐྱབས་མགོན་ གཉན་པོ་ཁྱོད་ཀྱིས་མཛོད། །སརྦ་མངྒ་ལཾ།། །།
རབ་གསལ་མེ་ལོང་། 130 ཞིབ་འཚོལ་གྱི་ཁུངས་གཏུགས་ཡིག་ཆ། ༡༽ སྡེ་སྲིད་ཁྲི་རབསས་༡༣ པ་ ཆོས་རྗེ་ཤེས་རབ་དབང་ཕྱུག་གི་ དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་མུ་ཏིག་དོ་ཤལ། དཔལ་འབྲུག་ཞིབ་འཇུག་ལྟེ་བ། ཐིམ་ཕུག། ༢༽ ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར། ཡུལ་ལྷོ་རྒྱུད་དུ་ བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་ རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མ། ༣༽ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག། སྲོལ་འཛིན་ལས་ཁུངས། ༤༽ རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ། ༥༽ ཟླ་ལམ་སྙན་ཞུ། དུས་མཆོད་འབུམ་སྡེའི་ཁ་གསལ། རྒེད་འོག་ བདག་སྐྱོང་ཡིག་ཚང་ནང་ལས།
རབ་གསལ་མེ་ལོང་། 131 ༦༽ གཡུས་ཚན་ཁག་གི་སྐྱེ་ལྷ་དང་ཡུལ་ལྷ་དཔེ་ཆ། ༧༽ གནས་ཡིག་ཀུན་ཕན་ལམ་སྟོན། བཀྲ་ཤིས་གཡང་རྩེ་རྫོང་ཁག་ འོག་གི། སྲོལ་འཛིན་ལས་འཁུངས། ༨༽ མིང་གནས་གསལ་བའི་འོད་ཟེར། རྫོང་ཁ་གོང་འཕེལ་ལྷན་ ཚོགས། ༩༽ མཚམས་པ་བློ་གསལ་རྒྱ་མཚོའམ་ བསོད་ནམས་རྡོ་རྗེ། བླམ་དྭགས་ཀོང་གི་མི་བརྒྱུད།
རབ་གསལ་མེ་ལོང་། 132 ངག་རྒྱུན་དྲི་བཀོད་ནང་ བཅའ་མར་གཏོགས་མི་དང་ རྒྱབ་སྣོན་གནང་མི་ ཚུ་གི་མཚན་ཐོ། ༡༽ སློབ་དཔོན་ཀུན་བཟང་ཕྲིན་ལས། ཞིབ་འཚོལ་དང་རྩོམ་སྒྲིག་ མཁས་མཆོག ༢༽ རྒཔོ་ཆོས་སྲུང་དབང་འདུས། ཡ་ལང་རྒེད་འོག། ༣༽ ཀརྨ། མེ་ལོང་མཁར་གཡུས་ཚན་ནང་གི་ཆོསཔ་རྒན་ཤོས། ༤༽ གྲུབ་པ། རོ་ལམ་གཡུས་ཚན་གྱི་གཙོ་འཛིན། ༥༽ དཀོན་མཆོག་ནོར་བུ། གནམ་ཐིག་གཡུས་ཚན་གྱི་གཙོ་འཛིན། ༦༽ ཚེ་དབང་རྡོ་རྗེ། ཡེར་འཕེལ་གཡུས་ཚན་གྱི་མི་རྒན།

Turn static files into dynamic content formats.

Create a flipbook
ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ཡོད་པའི་གནས་དགོན། by Tenzin Norbu - Issuu