སྐོར་སྐྱོད་དཔེ་མཛོད། རི་མོ་བ། བསམ་གྲུབ།
ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་ཞུས།
གནའ་སྔ་མོ་ཡུལ་ལུང་ཞིག་ལ། རྩྭ་དང་འདམ་བག་གིས་བཟོས་པའི་ཁང་ཆུང་ཞིག་གི་ནང་མི་ཚང་ ཉམ་ཆུང་ཞིག་སྡོད་ཀྱི་ཡོད་པ་དང་། མི་ཚང་དེར་ཕྲུ་གུ་ཡ་རབས་གསུམ་ཡོད།
ཕྲུ་གུ་གསུམ་པོ་སྤོ་སྤོ་དང་རྨོ་རྨོས་བཤད་པའི་སྒྲུང་ལ་ཉན་རྒྱུ་དང་། སྒྲུང་དེབ་ཀློག་རྒྱུར་དགའ་པོ་ ཡོད་པ་མ་ཟད། བུ་རྒན་པ་ཤེས་རབ་ནི་དམིགས་བསལ་སྒྲུང་དེབ་ཀློག་རྒྱུར་ཧ་ཅང་དགའ་པོ་ཡོད་ མཁན་ཞིག་ཡིན། ཁོས་ཉིན་ལྟར་ནང་ལ་སྒྲུང་དེབ་བཀླགས་ཏེ་སྡོད་པ་དང་། དུས་ཚོད་ཁོམ་སྐབས་ གྲོང་ཁྱེར་ལ་ཕྱིན་ནས་སྒྲུང་དེབ་ཉོ་ཡི་ཡོད།
བུ་ཤེས་རབ་ཀྱིས་སྒྲུང་དེབ་གཅིག་བཀླགས་ཚར་རྗེས། སྒྲུང་དེབ་གཞན་ཞིག་འཁྱེར་ཡོང་གི་ཡོད་ སྟབས། ཕ་མས་སྒྲུང་དེབ་དེ་ཚོ་གང་དུ་འཇོག་དགོས་མིན་མ་ཤེས་ཀྱང་། ཁོས་སྒྲུང་དེབ་ཆ་ཚང་དཔེ་ སྒྲོམ་ནང་ལེགས་པར་བསྒྲིགས་ནས་བཞག
དེབ་ཀྱི་དཔེ་སྒྲོམ།
ཉིན་ཞིག་ཕ་མས་བུ་ཤེས་རབ་ལ། སྒྲུང་དེབ་དེ་ཚོ་ག་རེ་གནང་གི་ཡིན་ནམ། ཞེས་དྲིས། བུས་རྒྱུན་ རིང་པོར་བསམ་བློ་བཏང་ནས་སེམས་ལ་འཆར་གཞི་ཞིག་དྲན།
ཁོས། གྲོང་གསེབ་ཏུ་དཔེ་མཛོད་མེད་པའི་རྐྱེན་གྱིས་ཕྲུ་གུ་རྣམས་ལ་སྒྲུང་དེབ་ཀློག་རྒྱུའི་གོ་སྐབས་ མེད་པས། ངས་སྒྲུང་དེབ་བཀླགས་ཚར་བ་རྣམས་ཕྲུ་གུ་དེ་ཚོའི་ཆེད་དུ་སྐོར་སྐྱོད་དཔེ་མཛོད་ཅིག་
བཟོས་ཏེ། ལུང་པ་ཁུག་ཀྱོག་ནང་ཡོད་པའི་ཕྲུ་གུ་རྣམས་ལ་སྒྲུང་དེབ་ཀློག་རྒྱུའི་གོ་སྐབས་བསྐྲུན་གྱི་
ཡིན། ཞེས་ཁོའི་འཆར་གཞི་དེ་ཕ་མ་དང་སྤུན་མཆེད་རྣམས་ལ་བཤད། ཁོ་ཚོས། བསམ་ཚུལ་དེ་ཧ་ ཅང་ཡག་པོ་འདུག ཅེས་ཁོ་ལ་རྒྱབ་སྐྱོར་བྱས།
ཁོ་ཚོས་སྒྲུང་དེབ་རྣམས་ལུང་པ་ཁུག་ཀྱོག་ནང་ཇི་ལྟར་འཁྱེར་དགོས་མིན་གྲོས་སྡུར་བྱས། ཨ་ཕས།
སེམས་ཁྲལ་མི་དགོས། ང་ལ་ཐབས་ཤེས་ཤིག་ཡོད། ང་ཚོའི་ནང་ལ་གཡག་ཡོད་པས། རས་ཀྱི་ དཔེ་སྒྲོམ་བཟོས་ཏེ། གཡག་གི་རྒྱབ་ལ་བཀལ་ནས་འགྲོ་ཆོག་གི་རེད། ཅེས་ལབ།
ནང་མི་ཚང་མས། ཐབས་བྱུས་དེ་ཧ་ཅང་ཡག་པོ་འདུག ང་ཚོས་སང་ཉིན་ནས་རས་ཀྱི་དཔེ་སྒྲོམ་ བཟོ་དགོས། ཞེས་ལབ།
ཕྱི་ཉིན། ཁོ་ཚོས་རས་ཀྱི་དཔེ་སྒྲོམ་བཟོ་རྒྱུ་འགོ་བརྩམས། ཨ་ཕའི་ལམ་སྟོན་འོག་ཕྲུ་གུ་ཚོས་རོགས་
པ་ཧུར་ཐག་བྱས། ཉིན་ཤས་རྗེས་ལས་ཀ་ཡོངས་སུ་གྲུབ། བུ་ཆེ་བ་དགའ་ཐག་ཆོད་དེ་སང་ཉིན་གྱི་ ཉི་མ་ཤར་རྒྱུར་སྒུག
ཞོགས་པ་ཁོ་ཚོས་གཡག་ནོར་བཟང་གི་རྒྱབ་ལ་རས་ཀྱི་དཔེ་སྒྲོམ་བཀལ་ཏེ། དེའི་ནང་དུ་སྒྲུང་དེབ་
རྣམས་བསྒྲིགས་པ་དང་། བུ་ཤེས་རབ་ཀྱིས་གཡག་ནོར་བཟང་ཁྲིད་དེ་ལུང་ཁུག་གི་གྲོང་གསེབ་ ཕྱོགས་ལ་ཐོན།
རེས་གཟའ་ལྷག་པ་ནམ་ཡིན་ལ་ཁོ་གཉིས་ལུང་ཁུག་གི་གྲོང་གསེབ་འདྲ་མིན་ལ་བསྐྱོད། ཁོས་འགྲུལ་ བཞུད་སྐབས་གཞས་གཏོང་བཞིན་འགྲོ་ཡི་ཡོད།
ཉི་མ་ཚ་གདུག་ཆེ་བའི་སྐབས། ཁོ་གཉིས་རྒྱུག་ཆུའི་འགྲམ་གྱི་ཤིང་སྡོང་འོག་ཏུ་ཚ་ཡོལ་བྱས་ཏེ། ཆུ་ འཐུང་བཞིན་ངལ་གསོ་བ་དང། དེའི་རྗེས་ཁོ་གཉིས་མུ་མཐུད་ལམ་དུ་ཞུགས།
མཚམས་རེར་གཡག་ནོར་བཟང་ལམ་དུ་ཤར་ཤར་མི་འགྲོ་བའི་སྐབས། ཁོས་རྒྱབ་ནས་འབུད་རྒྱག་
ག་ཚོད་བརྒྱབ་ཀྱང་མ་སོང་བར་དུས་ཚོད་རིང་པོ་འགོར་གྱི་ཡོད། ཁོས་གཡག་ནོར་བཟང་གི་ཨ་ མཆོག་ནང་། ན་ཆུང་གྲོགས་པོ་ཚོས་ངེད་གཉིས་ལ་བསྒུགས་ནས་བསྡད་ཡོད་པས། མགྱོགས་པོ་ འགྲོ་དགོས། ཞེས་ལབ་པ་དང་། གཡག་ནོར་བཟང་གིས་གོམ་པ་ག་ལེར་སྤོས།
ཁོ་གཉིས་ཤིང་ནགས་སྟུག་པོའི་དཀྱིལ་ལ་སླེབས་སྐབས། བྱ་བྱིའུ་ཡི་སྐད་སྙན་དང་རླུང་བུའི་སྒྲ་མ་ གཏོགས་གཞན་གཅིག་ཀྱང་གོ་རྒྱུ་མེད།
མཚམས་རེར་གཅན་གཟན་རིགས་ལ་ཐུག་སྐབས། ཁོ་གཉིས་ལམ་ཟུར་ལ་བསྒུགས་ནས་སྡོད་ཀྱི་ ཡོད། གཅན་གཟན་དེ་ཕྱིན་རྗེས་ལམ་སང་ལམ་ལ་ཆས་ཀྱི་ཡོད། ལུང་ཁུག་དེར་འབྱོར་གྲབས་ཡོད་ སྐབས། ཕྲུ་གུ་ཚོས་སྤྲོ་སྣང་ཆེན་པོས་ཁོ་གཉིས་ལ་བསྒུགས་ནས་བསྡད་ཡོད་པ་མཐོང་།
ཕྲུ་གུ་ཚོས་ཁོ་གཉིས་མཐོང་སྐབས་རྒྱུག་མ་འདུར་གྱིས་ཡོང་གི་ཡོད། བུ་ཤེས་རབ་ཀྱིས་ཕྲུ་གུ་ཚོ་ ལ་སྒྲུང་སྙན་པོ་བཤད་པ་དང་། རང་རང་གི་འདོད་པ་བཞིན་སྒྲུང་དེབ་འདེམས་འཇུག་གི་ཡོད།
ཕྲུ་གྲུ་ཚོའི་དཔེ་དེབ་རེ་རེ་བླངས་ཏེ་སོ་སོའི་ཁྱིམ་དུ་ལོག
ཁོས་གཡག་ནོར་བཟང་ཁྲིད་དེ་ལུང་གཤོངས་ཕྱོགས་སུ་བསྐྱོད།
ཁོ་རྒྱུག་ཆུའི་འགྲམ་ལ་བསྡད་དེ་སྒྲུང་བཀླགས། ཉི་མ་ནུབ་རིར་ཡོལ་ལ་ཉེ་སྐབས་ཁོས་གཡག་ནོར་ བཟང་ཁྲིད་དེ་གཞས་གཏོང་བཞིན་ནང་ལ་ལོག
ཁོ་ནང་དུ་འབྱོར་བ་དང་གཡག་ལ་གཟན་ཆས་རྒྱགས་ཚད་སྤྲད་རྗེས། ནང་མིའི་མཉམ་དུ་ཟས་ཞིམ་ པོ་ལ་རོལ།
ཁོས་དགོང་མོ་ཕྱི་པོ་བར་སྒྲུང་དེབ་ཀློག་པ་དང་། སྐོར་སྐྱོད་དཔེ་མཛོད་ཀྱི་སྐོར་ལ་བསམ་གཞིག་ བྱེད་བཞིན་གཉིད་དུ་ཡུར།